མགར་ཆོས་ཉིད་དོན་རྟོགས་ཀྱི་པོད་ཁུག

關於部落格

གྲོགས་པོ་ཚོ་འདིར་ཕེབས་པར་དགའ་བསུ་ཞུ།།
  • 4986

    累積人氣

  • 0

    今日人氣

    0

    訂閱人氣

༄༅།། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛུག་གི་རྟེན་འབྱུང་ཇི་ལྟར་བྱུང་ཚུལ་མདོ་ཙམ་བརྗོད་པ།

 
 
 
 
                            ༄༅།། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།།
  
           中華民國
國際藏傳佛教研究會
      
     
International Tibetan Buddhism Study Institute
 

༄༅།། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛུག་གི་  
རྟེན་འབྱུང་ཇི་ལྟར་བྱུང་ཚུལ་མདོ་ཙམ་བརྗོད་པ།
 
སྔོན་གྱི་སྨོན་ལམ་མམ་འཕྲལ་རྐྱེན་བཟང་པོས་མཚམས་སྦྱར་བ་གང་ཡང་རུང་བ་ཞིག་གིས་
བོད་རབ་བྱུང་བཅུ་བདུན་པ་ས་གླང་ལོ་གསར་གྱི་པདྨོ་རྣམ་པར་བཞད་པ་ན། དབང་སྟོད་སྤྲུལ་་ཐུབ་བསྟན་ནོར་བུ་རིན་པོ་ཆེ་མཆོག་གིས་ལོ་གསར་ཚེས་གཅིག་ལ་ཁོང་གི་
མཆེད་གྲོགས་རྣམས་གསོལ་ཚིགས་སུ་གདན་འདྲེན་བྱས་པ་ལྟར་ཉི་ཧོང་ལུགས་ཀྱི་དཀར་ཟས་ཁང་ཞིག་ཏུ་ཞབས་སོར་བསྒྱུར།
ཉེ་བའི་ལོ་ཤས་རིང་ས་གཡོ་དུས་འཁྲུགས་སོགས་ཀྱི་ཆག་སྒོ་སྣ་ཚོགས་བྱུང་བས། བོད་དུ་ལོ་ནག་ཞེས་དགའ་སྟོན་སོགས་ཀྱི་སྤྲོས་པ་ཆེན་པོ་གནང་གི་མེད་ནའང༌། སྡིག་ཟས་སྤང་ཞིང་བློ་མཐུན་པའི་གྲོགས་པོ་རྣམས་འདུས་སྟེ་ཆོས་ཀྱི་བྱ་བ་སྒྲུབ་པ་མ་བཀག་པས། ཐམས་ཅད་ཀྱིས་བསྟན་པའི་དར་རྒུད་དང་འགྲོ་བའི་བདེ་སྡུག་གི་སྐོར་ལ་གླེང་མོ་ཅི་རིགས་པ་བྱུང་ངོ༌།
དེར་འདུས་པའི་བླ་གྲྭ་རྣམས།

༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞབས་ཀྱི་པདྨ་ལ་རེག་པའི་མཐུས་བསྟན་འགྲོར་
སྨན་པའི་ལྷག་བསམ་གྱི་བསུང་ཞིམ་རང་བཞིན་གྱིས་འཐུལ་བའི་དམ་ཚིག་གཅིག་པ་ཤ་སྟག་གོ གླེང་མོལ་སྐབས་དུས་མཐར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་འདུས་པའི་སྡེ་དང་བཅས་
པར་ཕྱི་ནང་བར་གསུམ་ནས་ཉེ་བར་འཚེ་བའི་བར་ཏུ་གཅོད་པ་རྒྱ་མཚོའི་རླབས་བཞིན་དལ་བ་
མེད་པར་རྒྱུ་བ་དང༌། འགའ་ཞིག་སྒོ་གསུམ་དགེ་བ་བ{ལ་ནས་ཐོས་བསམ་བྱེད་པའི་ཀུན་སློང་བཟང་པོ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་པར་དཀའ་སྟེ། ཆོས་སྨྲ་བ་འགའ་ཞིག་ནི་སྲིད་པའི་འབྱོར་བས་དྲེགས་ཤིང་རང་གི་འདོད་པ་དང་མ་མཐུན་ཚེ་
རྫོགས་པའི་སངས་རྒྱས་ལའང་དག་མི་སྟེར་ཞིང༌། གསུང་རབ་གྱི་དགོངས་པ་སྲིད་པར་འཆིང་བའི་ཕྱོགས་སུ་འགྲེལ་བ་དང༌།དམ་ཆོས་སྤེལ་བའི་སློབ་དཔོན་མཚན་ཉིད་དང་ལྡན་པ་འགའ་ཞིག་ཡོད་མོད་ཀྱང༌། གྲངས་ཉུང་བས་ལོག་པའི་བཤེས་གཉེན་རྣམས་ཁྲིམས་མེད་པར་རྒྱ་ཡན་དུ་རྒྱུ་ཞིང༌། མ་རྟོགས་པ་དང༌། ལོག་པར་རྟོགས་པ། ཕྱོགས་ཙམ་རྟོགས་པ་ལ་ཡང་དག་པའི་ཆོས་ཀྱི་མཚན་དང་བཅས་ཕྱོགས་ཀུན་ཏུ་དྲིལ་ཆུང་
བཞིན་ཏུ་སྒྲོགས་པ་དང༌། དེར་བརྟེན་སྐྱེ་བོ་མང་པོའི་ཤེས་རབ་འཆལ་ཞིང་ལོག་པའི་ལམ་དུ་འགྲོ་བ་མང་པས། དེ་དག་ལ་བོད་བརྒྱུད་ནང་བསྟན་གཙང་མ་ཞིག་སྤེལ་ཐུབ་ན་བསྟན་དོན་རླབས་པོ་ཆེ་ཡིན་པ་དང༌། རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བཟང་དྲི་མ་མེད་པ་དེ་དག་དེང་རབས་ཀྱི་
ཚན་རིག་འཕྲུལ་ལམ་བརྒྱུད་ནས་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ལག་ཏུ་སྐྱེལ་བའི་ཐབས་ལ་འབད་
དགོས་པ་དང༌། དེ་ལྟར་སྤེལ་བ་ལ་སེམས་བསྐྱེད་ཀྱི་གོང་བུ་གཅིག་ཏུ་དྲིལ་བའི་ཚོགས་པ་བརྟན་པོ་ཞིག་ངེས་པར་དགོས་
འདུག་ཟེར།
མདོར་ན་མ་བགྲོས་གཅིག་མཐུན་གྱིས་རྒྱལ་སྤྱིའི་ནང་བསྟནཞིབ་འཇུག་ཚོགས་པ་ཞིག་དགོས་པའི་
བསམ་འཆལ་ལྷུག་པོ་བྱུང༌།
སྐབས་དེར་མཁན་རིན་པོ་ཆེ་ཆོས་ཉིད་དོན་རྟོགས་ཀྱིས། རང་རེ་ད་བར་ཕ་ཡུལ་གྱི་དགོན་སྡེ་སློབ་གྲྭ་སོགས་ལ་ཞབས་འདེགས་ཅིག་རིགས་པ་སྒྲུབ་ཟིན། དེ་དག་ཀྱང་བསྟན་དང་འགྲོ་བའི་དོན་ལས་གཞན་དུ་མེད་ཀྱང་གནས་རིས་ཁོལ་བུ་ཙམ་ལས་
རྒྱ་ཆེ་སྤྱི་སྨན་གྱི་བྱ་བ་རླབས་ཆེན་ཞིག་བྱེད་ཐུབ་མེད། བསྟན་པ་སྲུང་ཞིང་སྤེལ་བའི་རེ་བ་གཞན་ལ་བཅོལ་ནས། མ་འོངས་པར་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་བྱེད་པར་སྨོན་ཙམ་པས་མི་འོངས། འདིར་འདུས་བླ་གྲྭ་ལྔ་བོ་སུ་ཡིན་ཡང་སེམས་བསྐྱེད་གཅིག་པས་ངེད་ཚོས་སྣ་ཁྲིད་ན་
མཇུག་སྐྱོང་མཁན་ཡོང་བར་ངེས་ཟེར། མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་གིས། བྱ་བ་དེ་འཕྲལ་དུ་རྩ་འཛུག་ཐུབ་པ་བྱུང་ན་ཤིན་ཏུ་ལེགས། དེང་གིས་དུས་སུ་བསམ་ཕོད་པ་དང༌། བཤད་ཕོད་པ། བྱེད་ཕོད་པ་སྟེ་ཕོད་པ་གསུམ་དང་རན་པ་གསུམ་ལྡན་ཞིག་གི་སྒོ་ནས་ལས་དོན་དུས་ལས་
མི་ཡོལ་བ་སྒྲུབ་དགོས་འདུག་གསུང༌། རིག་འཛིན་པད་མ་དབང་ཆེན་རིན་པོ་ཆེས། ཚོགས་པ་འཛུགས་པར་བྱེད་པ་ལ། འཆལ་གཞི་གོ་རིམ་ལྡན་པ། གཞི་འཛིན་སའི་བཅའ་ཁྲིམས་ཡོད་པ། ཚང་མ་རྩ་དོན་ལས་མི་འདའ་བར་སེམས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ། སེམས་བསྐྱེད་དང་སྦྱོར་བ་གཉིས་མཚུངས་ཞིག་ཡོད་ན་བྱ་བ་ཆུང་ངུ་ཞིག་གིས་ལས་དོན་ཆེན་པོ་
ཞིག་འགྲུབ་ཐུབ་ངེས་ཟེར།
གྲྭ་གར་དབང་ཉི་མས། ཁྱེད་རྣམས་ལ་ཐུགས་བསྐྱེད་དེ་ལྟ་བུ་ཡོད་པ་ཤིན་ཏུ་ལེགས། དེ་ལ་གྲོས་བསྡུར་ཞིབ་ཏུ་བྱས་ཏེ་ཐག་ཆོད་པར་ཞིག་བྱེད་དགོས་པར་འདུག་ཟེར། མཁན་ཚུལ་རྣམ་རིན་པོ་ཆེས། ཚོགས་པ་རྩ་འཛུག་དེ་དོན་ཆེན་པོ་ཞིག་རེད། ཁྱོད་རྣམས་ལ་དུས་ཚོད་ཡོད་ཚེ་དེ་རིང་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་བསྡད་དེ་བྱ་བ་ཐམས་ཅད་ཞིབ་ཕྲ་གྲོས་མོལ་བགྱིས་ན་བཟང་བར་འདུག་གསུང༌། ཐམས་ཅད་ཀྱི་དེ་ལྟར་བགྱི་བ་ཐག་བཅད། དེ་ནུབ་བླ་གྲྭ་སོ་སོར་ཚོགས་པ་དང་འདོན་བྱ་སོགས་སྒེར་གྱི་བྱ་བ་ཅི་རིགས་པ་ཡོད་པ་
ཁ་པར་བཏང་སྟེ་འཕྲལ་དུ་བྱོལ། བླ་རུང་ཆོས་ཚོགས་ཀྱི་དྲུང་ཆེ་དང་ལས་རོགས་གཉིས་ཀྱི་མགྲོན་ཁང་བཙལ། ཐཱའེ་པེ་གྲོང་ཁྱེར་གྱི་ཐེན་ཅིན་ལམ་ཕྲན་གྱི་སྒོ་རྟགས་༧༠པར་ཊནྡྲི་ཧོ་ཀྲེལ་ཞེས་པའི་མགྲོན་ཁང་
ཞིག་ཐོབ་པའི་ནང་དུ་སྤོས་ཏེ་ཉི་མ་ནུབ་རིར་བརྒལ་བའི་བར་དུ་གྲོས་བསྡུར་བྱས་ཏེ་གྲོས་ཆོད་
ཅི་རིགས་པ་བྱུང༌། དེ་ནས་མཁན་ཚུལ་རྣམ་མཆོག་གིས་ཆོས་ཚོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་དགུངས་མོའི་
གསོལ་ཚིགས་སོགས་ཕུལ། སླར་མགྲོན་ཁང་དུ་ཕྱིན་ཞིང་མཚན་གྱི་ཆ་ལ་ཚོགས་པ་རྩ་འཛུག་གི་གླེང་མོ་སྣ་ཚོགས་
རྒྱུན་བསྲིང་ཏེ་ཕྱི་ཉིན་འཆར་ལ་ཉེ་བའི་བར་གྲོས་བསྡུར་ནན་ཞིབ་བྱས། ཚོགས་པའི་ལམ་ཕྱོགས། མ་དངུལ། ཚོགས་མི། དམ་བཅའ། བཅས་དོན་ཚན་ཆེན་པོ་ལྔ་ལེགས་པར་གཏན་ལ་ཕབ།
དང་པོ་ལམ་ཕྱོགས་ནི།
མི་རིགས་དང་ཕོ་མོ། ཆོས་བརྒྱུད་གྱི་ཕྱོགས་རིས་མེད་པའི་སྤྱི་སྙོམ་དང༌།
བོད་བརྒྱུད་ནང་བསྟན་རིགས་གནས་དང་བཅས་པ་དར་སྤེལ་སྲུང་སྐྱོབས།
འཛམ་གླིང་ལ་ཞི་བདེ་བསྐྲུན་པ།
འཁོར་ཡུག་སྲུང་སྐྱོབས་ལ་དངོས་ཤུགས་ཅི་རིགས་ནས་ཕན་ནུས་འདོན་པ།
ལས་དོན་ལག་བསྟར་བྱ་བར་དྲྭ་ཚིགས་དང༌། རླུང་འཕྲིན། བརྙན་འཕྲིན།
ཁྱབ་བསྒྲགས་སོགས་ཅི་རིགས་པ་བྱེད་རྒྱུ་བཅས་སོ།
གཉིས་པ་མ་དངུལ་ནི།
འདིར་འདུས་པའི་བླ་སྤྲུལ་སོ་སོར་རང་ངོས་ནས་དགོན་པ་དང་སློབ་གྲྭ་རྟེན་བཞེངས་སོགས་ཅི་
རིགས་པ་མངའ་ཕྱིར་འགྲོ་གྲོན་གཏོང་ཡུལ་ཞབས་རྡོར་གྱི་སྣོད་ལྟ་བུར་གང་བའི་དུས་མེད་པས་
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ཉིད་ཀྱི་ཆེད་དུ་གནས་སྐབས་སུ་
ཡོད་བྱད་གྱ་ནོམ་པ་འབུལ་རྒྱུ་བྲལ་ཡང༌། རང་གི་འབྱོར་བ་དང་གཞིག་པའི་ཞལ་འདེབས་བསྡུ་བར་སྩོལ་ཚེ། ཚང་མ་གཅིག་མཐུན་གྱིས་མཁན་སྤྲུལ་བཞིས་ཐཱའེ་སྒོར་འབུམ་རེ་དང་གྲྭ་གར་དབང་གིས་
ཁྲི་ལྔ་སྤྲོ་བཞིན་འབུལ་བ་ཞལ་གྱིས་བཞེས། གསུམ་པ་ཚོགས་མི་ནི།
ཐོག་མར་མཁན་སྤྲུལ་བཞི་སོ་སོའི་ཕྱོགས་ནས་རྒྱུས་ཡོད་ཀྱི་སློབ་མ། བསྟན་འགྲོར་ཕན་བདེ་སྒྲུབ་ལ་སྤྲོ་བ་གཉིས་རེ་བསྡུ་རྒྱུ་དང༌། རིམ་བཞིན་ལྷག་བསམ་ལྡན་པའི་ཚོགས་མི་ཅི་མང་བསྡུ་བ་དང༌། ལས་བྱེད་པ་རྣམས་མཆོག་གསུམ་གྱི་སྤྱན་སྔར་རྟགས་བསྒྲིལ་ཏེ་ལས་འཛིན་མགོ་གཙོ་དང༌། བལྟ་ཞིབ་པ། དྲུང་ཆེ། རྩིས་གཉེར་བ། དངུལ་གཉེར་བ་བཅས་ཀྱི་བསྐོ་བཞག་བྱེད་རྒྱུ་ཐུགས་ཐག་ཆོད་དོ།
བཞི་བ་དམ་བཅའ་ནི།
མཁན་སྤྲུལ་བཞི་དང་ཚོགས་གཙོ་བཅས་ཀྱིས། བླ་མ་མཆོག་གསུམ་སྲུང་མ་བཅས་པའི་སྤྱན་སྔར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་
ཚོགས་པའི་ལས་སོན་སྒྲུབ་པའི་སྐབས་སུ་ཚོགས་པའི་རྩ་དོན་གཞིར་བཟུང་གི་ཕྱོགས་རེས་དང་
སྒེར་དོན་མ་འདྲེས་པར། ནུས་ཤུགས་ཡོད་དགུ་རྩལ་འདོན་བྱེད་པའི་དམ་བཅའ་འབུལ་རྒྱུར་གཏན་ཁེལ། ཞག་མ་དེར་གྲོས་ཆོད་རྣམས་གྲྭ་གར་དབང་གིས་གློག་རྩིས་འཁོར་ལོར་བཅུག་ཅིང་ཚང་མ་སྤྲོ་བཞིན་གཙང་ཞིང་ཡངས་པའི་མལ་སར་རྨི་ལམ་གྱི་བསྐྱེད་ཚལ་དུ་རེ་ཞིག་གཟིགས་མོར་ཕྱིན་ཏོ། ཕྱི་ཉིན་སྔ་དྲོའི་གསོལ་ཇ་བཞེས་གྲུབ་པ་དང༌། ལྷག་མའི་གྲོས་གཞི་རྣམས་མི་མཐུད་དེ། ཚོགས་འདུ་གཉིས་པ་སྤྱི་ཟླ་༣ཚེས་༢༧གི་ཕྱི་དྲོ་བླ་རུང་ཐེག་གསུམ་ཆོས་གླིང་དུ་འཚོགས་པ་དང༌། སྐབས་དེར་ཞལ་འདེབས་ཀྱི་དངུལ་དང༌། སོ་སོའི་ཁོངས་ཀྱི་མི་རྣམས་ཀྱང་ལྷན་ཅིག་ཚོགས་འདུར་ཞུ་རྒྱུ་བྱས། ནུབ་དེའི་མགྲོན་ཁང་གི་གླ་ཆ་ཡོངས་རྫོགས་བླ་རུང་ཐེག་གསུམ་ཆོས་གླིང་ནས་གཏོང་བའི་
མཛད་སྒོ་ཡངས་པོར་ཕྱེས་ཤིང་གནང༌། བླ་གྲྭ་ཚོགས་མི་ཐམས་ཅད་སྤྲོས་སེམས་ཁོལ་བའི་ངང་རང་གནས་སུ་གཤེགས། གྱེས་ཁར་བླ་རུང་ཆོས་སྡེ་ཆེན་མོའི་གར་དབང་ལྷ་དགུའི་སྒྲུབ་པར་ཚོགས་འདུ་ལམ་སློང་
ཡོང་བར་སྐྱབས་རྟེན་དུ་ཐཱའེ་སྒོར་ལྔ་སྟོང་རེས་སྙན་སྒྲོན་ཞུས་ནས་སྣོད་བཅུད་ཀྱི་
དགེ་མཚན་དཔལ་དུ་འབར་བའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིགས་སོ། བཀྲ་ཤིས་བདེ་ལེགས།།
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས།
སྤྱི་ལོ་༢༠༠༩ལོའི་ཟླ་༩ཚེས་༢༣ཉིན།
 
 
 
 
 
 
相簿設定
標籤設定
相簿狀態